|
དུང་དཀར་བློ་བཟང་འཕྲིན་ལས།། |
|
༄༅།། དུང་དཀར་རིན་པོ་ཆེ་ནི། ཕྱི་ལོ་ ༡༩༢༧ ལོར་ཀོང་པོའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་ལྔའི་ཐོག་དུང་དཀར་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་བཅུ་ཡས་མས་ཐོག་སེ་ར་ཐེག་ཆེན་གླིང་ལ་ཚོགས་ཞུགས་ཀྱིས། གཞུང་ཆེན་དཀའ་པོད་ཁག་ལ་གསན་བསམ་མཐིལ་ཕྱིན་པར་གནང། ཕྱི་ལོ་ ༡༩༤༦ ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། ཕྱི་ལོ་ ༡༩༥༠ ལོར་སྔགས་རམས་པའི་མཚན་རྟགས་ཀྱང་བཞེས།ཕྱི་ལོ་ ༡༩༥༡ ལོ་ཡས་མས་ནས་བཟུང་རིམ་པས་ཐུན་མོང་བའི་རིག་གནས་སུམ་རྟགས་སྙན་ངག་སོགས་དང་། རྒྱའི་སྐད་ཡིག་སོགས་ལ་སྦྱངས་པ་མཛད་པས་མདོ་རྒྱུད་རིག་གནས་ཀུན་ལ་མཁས་པར་གྱུར།ཁོང་གཞུང་ལུགས་ཀུན་ལ་གཟིགས་རྒྱ་ཆེ་ཞིང། རྣམ་དཔྱོད་འགྲན་ཟླ་བྲལ་བ་ཞིག་ཡིན་པར་མ་ཟད། ཁོང་གི་ཐུན་མོང་མ་ཡིན་པའི་གནང་ཕྱོགས་ཤིག་ནི། ཁོང་ལ་དད་ལྡན་མང་ཚོགས་ཀྱིས་སྐྱབས་རྟེན་དང་བསྔོ་རྟེན་དུ་ཕུལ་བའི་དངུལ་དངོས་ཡོངས་རྫོགས་གསུང་རབ་དཔར་བསྐྲུན་དང་། རྟེན་བཞེངས་ཀྱི་དོན་དུ་བཏང་བ་མ་གཏོགས་རང་ཉིད་ཀྱི་འཚོ་གོས་ཐོག་སྐར་གཅིག་ཀྱང་བེད་སྤྱོང་མི་གནང་བ་འདི་ཡིན།ཕྱི་ལོ་ ༡༩༦༦ ལོ་ནས་ལོ་ངོ་བཅུ་ཙམ་རིང་རིག་གནས་གསར་བརྗེ་ཆེན་མོ་ཞེས་པའི་དུས་ཟིང་འོག ཁོང་ལ་མ་ཉེས་ཁ་གཡོག་གི་ནག་ཉེས་ཕོག་སྟེ་མནར་གཅོད་ཚད་མེད་མྱོང་དགོས་གྱུར།ཕྱིས་སུ་སྲིད་བྱུས་ཅུང་གུ་ཡངས་སུ་ཕྱིན་པ་དང་བོད་རྒྱ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པའི་ཐུགས་བཞེས་པས་མཚོན། བོད་ཀྱི་ཆོས་དང་རིག་གནས་མང་པོ་གསར་རྩོམ་དང་རྩོམ་སྒྲིག་གི་མཛད་འགན་བཞེས།གཞན་ཡང། པེ་ཅིང་མི་རིགས་སློབ་ཆེན་དང། བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་སོགས་བོད་ཀྱི་སློབ་གྲྭ་མང་པོ་ཞིག་ཏུ་ཆེད་ཕེབས་མཛད་དེ། སློབ་མ་མང་པོ་གསོ་སྐྱོང་གནང་བས་མཚོན། བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་པའི་མཛད་པ་རླབས་ཆེན་བསྐྱངས་པའི་མི་སྣ་བཀའ་དྲིན་ཅན་ཞིག་ཡིན།སྐུ་ཚེ་ཧྲིལ་པོར་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་དོན་དུ་ཕྱག་ལས་རླབས་ཆེན་གནང་མུར། ཕྱི་ལོ་ ༡༩༩༧ ལོར་ཨ་རིར་དགོངས་པ་གཞན་དོན་དུ་གཤེགས། |
|
ལེའུ་དང་པོ། རྨི་ལམ་ནང་གི་དཔེ་མཛོད། |
|
༄༅།། དུང་དཀར་རིན་པོ་ཆེ་ཆུང་དུས་ནས་བླ་མའི་ཡང་སྤྲུལ་ཞིག་ཏུ་ངོས་འཛིན་ཞུས་ཀྱང། ཁོང་བླ་བྲང་གི་རྒྱུ་ནོར་དང་རྣམ་གཡེང་གི་དབང་དུ་མ་སོང་བར། རྒྱུན་དུ་སློབ་སྦྱོང་ཐོག་འབད་བརྩོན་གནང་སྟེ་སློབ་ཚན་ཀུན་ལ་སྦྱངས་པ་གཏིང་ཐག་ཆོད་པ་གནང་གི་ཡོད།ཁོང་སྐུ་ན་གཞོན་དུས་སུ་དུང་དཀར་བླ་བྲང་ལ་དཔེ་ཆའི་ཆ་རྐྱེན་དེ་ཙམ་འཛོམས་པོ་མེད་སྟབས། ཁོང་གིས་རྒྱུན་དུ་གཡས་གཡོན་གྱི་བླ་བྲང་ཆེ་ཁག་ནས་དཔེ་ཆ་གཡར་ཏེ། སློབ་སྦྱོང་གནང་དགོས་ཀྱི་ཡོད་སྟབས། རིན་པོ་ཆེ་དཔེ་ཆ་སྣ་ཚོགས་ལ་གཟིགས་འདོད་ཆེ་ཡང༌། ཐུགས་འདོད་བཞིན་ཕྱག་དཔེ་མ་རག་པའི་སྐུ་ངལ་ཆེན་པོ་རྒྱུན་པར་ཡོང་གི་ཡོད།རིན་པོ་ཆེ་དགུང་ལོ་བཅུ་གྲངས་ཤིག་གི་སྐབས། ཉིན་ཞིག་ཉེ་འཁྲིས་ཀྱི་བླ་མ་ན་མཉམ་ཞིག་གི་བླ་བྲང་དུ་རྩེད་མོ་རྩེ་བར་ཕེབས། བླ་མ་དེ་དུང་དཀར་རིན་པོ་ཆེ་ལས་བླ་བྲང་རྒྱ་ཆེ་ཞིང་ཆ་རྐྱེན་ཤིན་ཏུ་བཟང། རྩེད་ཆས་ཀྱང་ཤིན་ཏུ་མང་པོ་ཡོད་པར་མ་ཟད། དཔེ་ཆའི་ཆ་རྐྱེན་ཡང་འཛོམས་པོ་ཡོད་པ་ཞིག་ཡིན།དུང་དཀར་རིན་པོ་ཆེས་བླ་མ་དེར་ཕྱག་དཔེའི་ཆ་རྐྱེན་འཛོམས་པོ་ཡོད་པ་ལ་ཡིད་སྨོན་ཆེན་པོ་གནང་གི་ཡོད་ཀྱང༌། བླ་མ་དེ་རྒྱུན་དུ་རྩེད་ཆས་སྣ་ཚོགས་ལ་གཡེང་ནས་བཞུགས་པ་མ་གཏོགས། ཕྱག་དཔེ་ལ་དེ་ཙམ་ཐུགས་སྣང་གནང་གི་མེད། དུང་དཀར་རིན་པོ་ཆེས། རིན་པོ་ཆེ། ཁྱེད་ལ་སློབ་སྦྱོང་གི་ཆ་རྐྱེན་ཤིན་ཏུ་འཛོམས་པོ་འདུག་པས། ཡིད་སྨོན་ཞུ་དགོས་པ་ཞིག་རེད། ཅེས་གསུངས་པ་ན།བླ་མ་དེས། དེ་ལ་ཧ་ལས་དགོས་པ་མེད། ཁྱེད་ལ་དགོས་ན་ངས་སྤྲད་ཆོག ཅེས། རྩེད་མོ་རྩེ་བཞིན་པའི་རྩེད་ཆས་ཀྱི་གྲས་ནས་འགའ་ཤས་བླངས་ཏེ་དུང་དཀར་རིན་པོ་ཆེ་ལ་གནང་བ་ན། དུང་དཀར་རིན་པོ་ཆེས།རིན་པོ་ཆེ། ངས་ཁྱེད་ཀྱི་རྩེད་ཆས་ཞུ་གི་མེད། དཔེ་མཛོད་ནང་དུ་ཕྱག་དཔེ་མང་པོ་ཡོད་པ་དེ་དག་ཞུ་གི་ཡོད། ཅེས་གསུངས།བླ་མ་དེས་སྣང་མེད་ལྟ་བུས། འགྲིག་གི་རེད། ཁྱེད་རང་རྩེད་མོ་རྩེ་རྒྱུ་ལས་དཔེ་ཆ་ལྟ་རྒྱུར་དགའ་བོ་ཡོད་པ་རེད། ཁྱེད་ལ་དཔེ་ཆ་གང་འདྲ་ |
|
ཞིག་དགོས་མཁོ་བྱུང་ཡང་འདི་ནས་བླངས་ན་འགྲིག ཅེས་གསུངས་ཏེ་མུ་མཐུད་རྩེད་མོ་རྩེ་བཞིན་ཡོད་པ་ན། བླ་མའི་གཡས་གཡོན་དུ་ཞབས་ཕྱི་པ་འགའ་ཤས་ཡོད་པ་དེ་དག་གིས། རིན་པོ་ཆེ་དེ་ག་རང་རེད། ཕྱག་དཔེ་ཐུགས་མཁོ་ནམ་བྱུང་སྐབས་གསུངས་དང༌། ང་ཚོའི་འདི་ནས་ཡོད་པའི་རིགས་གང་འདྲ་ཞིག་ཡིན་ཡང་གཡར་པོ་ཞུས་ཆོག ཅེས་ཞུས་པ་རེད།དུང་དཀར་རིན་པོ་ཆེས། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ། ངའི་བསམ་པར་མ་འོངས་པར་ང་ལ་མཐུན་རྐྱེན་ཕྲན་བུ་འཛོམས་པོ་བྱུང་བ་ཡིན་ན།ཐེངས་དང་པོ་ཕྱག་དཔེ་སྣ་ཁ་འཛོམས་པོ་ཡོད་པའི་དཔེ་མཛོད་ཁང་ཞིག་བཞེངས་དགོས་བསམས་ཡོད། ངའི་རྨི་ལམ་དུ་ཡང་ང་རང་སྒེར་ལ་དབང་བའི་དཔེ་མཛོད་ཁང་ཞིག་ཡང་ཡང་རྨིས་ཡོང་གི་འདུག ཅེས་གསུངས།ཕྱིས་སུ་དུང་དཀར་རིན་པོ་ཆེ་དཔལ་འབྱོར་གྱི་མཐུན་རྐྱེན་ཕྲན་བུ་ |
|
ཇེ་བཟང་དུ་གྱུར་པ་ན། ཁོང་ལ་ཆུང་དུས་ནས་ཐུགས་རེ་ཡོད་པ་བཞིན། ས་ཕྱོགས་མང་པོ་ནས་དཔེ་ཆ་འཚོལ་སྒྲིག་གནང་སྟེ། དུང་དཀར་བླ་བྲང་དུ་དཔེ་མཛོད་ཁང་ཀ་བརྒྱད་མ་ཞིག་དང༌། ལྷ་སར་ཡང་དཔེ་མཛོད་ཁང་ཀ་བཞི་མ་བཅས་བཞེངས་པ་རེད། ཁོང་ལ་མཚོན་ན་དཔེ་མཛོད་ཁང་འདི་གཉིས་ནི་ཤིན་ཏུ་སྤྲོ་སྣང་ཡོང་བའི་གླིང་ཀ་ཡིད་དུ་འོང་བ་ཞིག་དང། རིག་པའི་གཅེས་ནོར་མང་པོ་ཐོབ་པའི་རིན་ཆེན་གཏེར་མཛོད་ལྟ་བུ་ཞིག་ཏུ་གྱུར་ཡོད།དུང་དཀར་རིན་པོ་ཆེ་ན་མཉམ་གྱི་བླ་མ་གཞན་དག་དང་མི་འདྲ་བར། རྒྱུན་པར་དཔེ་མཛོད་ཁང་དེར་དཔེ་གཟིགས་གནང་སྟེ་བཞུགས་པ་མ་གཏོགས། དཔལ་འབྱོར་འདུ་འགོད་དང་བླ་བྲང་གི་བྱ་བ་ལ་ཐེ་གཏོགས་གནང་གི་མེད་པས། དུང་དཀར་བླ་བྲང་གཞན་དག་དང་བསྡུར་ན་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བོ་ཡིན་ཡང༌། རིན་པོ་ཆེ་ཁོང་ཉིད་བོད་ཀྱི་ཆོས་དང་རིག་གཞུང་གིས་ཕྱུག་པའི་སྐྱེས་བུ་འགྲན་ཟླ་མེད་པ་ཞིག་ཏུ་གྱུར་ཡོད་པ་རེད།ཉིན་ཞིག་དུང་དཀར་བླ་བྲང་གི་ལས་བྱེད་ཅིག་གིས། རིན་པོ་ཆེ། ཁྱེད་རང་སྐུ་ཡོན་གསན་བཞེས་ལ་ཐུགས་སྣང་ཆེན་པོ་ཡོད་པ་ཡག་པོ་འདུག་ཀྱང༌། བླ་བྲང་གི་དཔལ་འབྱོར་གནས་སྟངས་ཤིན་ཏུ་སྐྱོ་བོ་ཡིན་པས། དཔལ་འབྱོར་འདུ་འགོད་ཐད་ཐུགས་སྣང་ཕྲན་བུ་གནང་དགོས་ཀྱི་འདུག ཅེས་ཞུས།རིན་པོ་ཆེས་དེ་ལ་བརྩེ་བའི་ཉམས་དང་བཅས། ཁྱེད་ཚོ་ལ་དཀའ་ཁག་མང་པོ་ཞིག་ཡོད་པ་ངས་གསལ་པོ་ཤེས་ཀྱི་ཡོད། འོན་ཀྱང་ངས་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བོ་འདི་བསམ་བཞིན་དང་ལེན་བྱས་པ་ཡིན། གལ་སྲིད་ང་ལ་ཆུང་དུས་ནས་དཔལ་འབྱོར་གྱི་ཆ་རྐྱེན་འཛོམས་པོ་ཞིག་བྱུང་ཡོད་ན། ངས་སློབ་སྦྱོང་གཏིང་ཐག་ཆོད་པ་འདི་འདྲ་ཞིག་བྱེད་ཐུབ་མེད། དེར་བརྟེན་ངས་ཕྱི་མ་ཡང་ཧ་ཅང་དབུལ་པོ་དང་ཕྱུག་པོའི་ཁྱིམ་དུ་མི་སྐྱེ་བའི་སྨོན་ལམ་བྱེད་ཀྱི་ཡོད། ཅེས་གསུངས་པ་རེད། |
|
|