text
stringlengths
1
21.1k
ལྕང་ལོ་ཅན་མཚུངས་གདན་ས་འདི་ཉིད་དུ།།
ད་ལྟ་མི་འཇིགས་ཁྲི་ལ་རབ་བཞུགས་པ།།
བཤེས་གཉེན་ཆེན་པོ་བློ་བཟང་བསྟན་པ་ཉིད།།
ཚུལ་ཁྲིམས་བསླབ་པ་ཉེས་ལྟུང་དྲིས་མ་གོས།།
དེ་ཡི་དྲི་བསུང་འོད་ཟེར་ཕྱོགས་བཅུར་འཕྲོས།།
ཕྲིན་ལས་བ་དན་གདུལ་བྱའི་གླིང་དུ་སྐྱོད།།
དེ་ཡིས་མཚམས་སྦྱར་ཁྲིར་ཕེབས་ཞལ་སྔ་ནས།།
སློབ་མ་གྲྭ་རིགས་འཇིག་རྟེན་དབང་ཕྱུག་གི།
ཕྲིན་ལས་ཕོ་ཉར་བསྔགས་པའི་མ་ཎི་བ།།
གཡོར་པོ་གྲྭ་ནས་ཆས་པའི་རྒྱལ་ཁམས་པ།།
བློ་བཟང་ནོར་བུ་དེ་ལ་བཀའ་བསྩལ་བའི།།
བསླབ་བྱ་བཀའ་བགྲོས་ཞལ་གྱི་པདྨོ་ལས།།
ཐོག་མར་བྱུང་བ་འདི་ཉིད་རབ་ཏུ་བསམས།།
རང་གཞན་རྒྱུད་ལ་ཚོགས་གཉིས་སྤེལ་ཕྱིར་དང་།།
རྒྱལ་ཁམས་ཡོངས་ལ་ཕན་བདེ་འབྱུང་ཕྱིར་དང་།།
ཁྱད་པར་ཡུལ་འདིར་ཕུན་ཚོགས་འབྱུང་བའི་ཕྱིར།།
རྗེ་བཙུན་ཆེན་པོ་ལྷོ་བྲག་ཕྱག་རྡོར་བའི།།
རྣམ་ཐར་སྐྱེས་རབས་ཕྱི་ནང་གསང་གསུམ་དང་།།
ལྷག་པའི་ལྷ་ཡིས་དངོས་སུ་གསུངས་པ་ཡི།།
སྙན་རྒྱུད་ཟབ་མོ་རིན་ཆེན་གཏེར་གྱི་མཛོད།།
འདི་ཉིད་བཞེངས་པའི་བཀའ་གྲོས་ལེགས་པར་མཛད།།
དེ་ལྟར་དཔོན་སློབ་རྣམ་གཉིས་བཀའ་གྲོས་ལ།།
རྗེས་སུ་ཡི་རང་ལེགས་སྤེལ་བགྱིད་པ་པོ།།
ཀརྨ་འབྱོར་ལྡན་ལ་སོགས་གཞན་དག་ཀྱང་།།
ཚུལ་འདིར་ཞབས་བསྐུལ་གསོལ་བ་ལེགས་པར་བཏབ།།
ཀྱི།
དེ་ལྟར་སྙན་རྒྱུད་བཀའ་འབུམ་ཆེན་མོ་ཡི།།
ཤོག་ཆགས་ག་དར་ཞལ་བཀོད་དེ་བར་གྱི།།
མཐུན་རྐྱེན་ལ་སོགས་བྱང་གླིང་གདན་ས་ཡི།།
སྐུ་ཚབ་དཔོན་པོ་ཐུགས་སྲས་རིན་པོ་ཆེ།།
རྡོ་རྗེ་ཚེ་བརྟན་ཕྱག་ནས་བཀའ་དྲིན་བསྐྱང་།།
འཇུག་པ་ཀུན་བདེ་དགེ་སློང་བདེ་སྐྱིད་དང་།།
སྔགས་འཆང་མགོན་བླ་ཀརྨ་ཚེ་རིང་སོགས།།
དཔོན་སློབ་གསུམ་གྱིས་རོགས་རམ་ཐུགས་ལ་བཏགས།
ཀྱི།
ཡི་གེ་པ་ནི་མགོན་གསུམ་གླན་གྱི་རྒྱུན།།
ཞང་གི་རིགས་རྒྱུད་ཀརྨ་འབྱོར་ལྡན་དང་།།
ཚེ་དབང་རྒྱ་མཚོ་ཁུ་དབོན་རྣམ་གཉིས་དང་།།
དགོས་དགོས་ནོར་བུ་དཔོན་སློབ་མཆེད་གསུམ་གྱིས།།
དབེན་པའི་གནས་མཆོག་ཏིང་འཛིན་བསྒོམ་པའི་ས།།
གནས་བདག་མགོ་ཟུར་ལྷ་བཙན་ཉིད་ཀྱི་ཞོལ།། །
ལྕགས་ཅན་ཕུག་ཅེས་དཔེ་ལོའི་བདག་མོ་ཡི།།
བཀྲ་ཤིས་བསམ་པ་གྲུབ་པའི་གནས་མཆོག་དེར།།
བར་ཆད་མེད་པར་མྱུར་དུ་གྲུབ་པར་བྱས།།
འདི་ཡི་དབུ་ལྷ་བྲིས་སྐུ་བཞེངས་པ་ཡི།།
ལྷ་བྲིས་བ་ནི་གྲོང་ཆུང་སློབ་དཔོན་པ།།
དཔེ་ཀར་པེ་ཧར་ཆོས་སྐྱོང་ཐུགས་དམ་བསྐང་བ་པོ།།
སྔགས་འཆང་ཀརྨ་མཐུ་སྟོབས་ཉིད་ཀྱིས་མཛད།།
བྲིས་ཀྱི་བཀོད་པ་བཟོ་དབྱིབས་རྣམ་པ་དང་།།
ཡི་གེའི་དག་བྱེད་ལ་སོགས་ཚུལ་ཐམས་ཅད།།
ཕྱི་མོ་སོར་བཞག་དེ་ལས་ནོར་འཁྲུལ་རྣམས།།
རྗེ་བཙུན་བླ་མ་ལས་ཀྱི་རྡོ་རྗེ་དང་།།
ཡི་དམ་གསང་བདག་ཕྱག་ན་རྡོ་རྗེ་དང་།།
སྲུང་མ་ཡུམ་ཆེན་ཨེ་ཀ་ཛ་ཏི་ཚོགས།།
རྩ་བགསུམ་གྱི་ལྷ་ལ་བཟོད་པར་གསོལ།།
ཀྱི།
གསེར་གྱི་ཡང་ཞུན་སྙན་རྒྱུད་བཀའ་འབུམ་གྱི།།
གླེགས་བམ་ཉིད་དུ་རབ་ཏུ་བསྒྲུབ་པ་ཡི།།
བསྟན་པའི་སྦྱིན་བདག་གདན་སའི་ཁྲི་ཐོག་ནི།།
མཁན་ཆེན་བློ་བཟང་བསྟན་པ་ཉིད་རང་དང་།།
དེ་ཡི་ཞབས་ཕྱིར་འགྱུར་བའི་མ་ཎི་བ།།
བློ་བཟང་ནོར་བུ་དཔོན་སློབ་རྣམ་གཉིས་ཀྱིས།
དང་པོར་དབུ་འཛུགས་བར་དུ་གཞུང་བསྲང་བ།།
རབ་ཏུ་གནས་སོགས་བཀྲ་ཤིས་སྨོན་ལམ་གྱི།།
སྦྱོར་དངོས་རྗེས་གསུམ་མཐར་ཕྱིན་མཛད་པ་ལ།།
གཞན་གྱིས་གུས་འདུད་རྗེས་སུ་ཡི་རང་གི།
རྣམ་པས་ཚུལ་འདིར་འབྲེལ་བ་རྟགས་པ་ནི།།
མདོར་བསྡུས་ཙམ་ཞིག་སྐབས་འདིར་ཞུ་བར་བྱ།།
རང་རེའི་གྲྭ་རིགས་དལ་འབྱོར་གཉིས་ལྡན་པ།།
རྫིསདཔོན་རྡོ་རྗེ་ཀུན་རྒྱལ་མཆེད་གྲོགས་ཀྱིས།།
ཕོགས་ཀྱི་འདེགས་དང་ཟ་མ་ཐུགས་ལ་བཏགས།།
འབྱོར་པ་ཕུན་ཚོགས་གནས་སྐབས་དགེ་ལ་དཀར།།
ཕྱུག་མོ་ཨ་མ་དགོས་དགོས་རྒྱལ་མོ་ཡིས།།
ནས་ཀྱི་གནང་སྦྱིན་རྗེས་སུ་ཡི་རང་ངོ།།
ཤཱཀྱའི་བཙུན་པ་གནས་བརྟན་བགྲེས་པོའི་ཚུལ།།
དབུ་མཛད་བྱང་འདྲེན་ཆོས་དབང་ཚེ་རིངས་ཀྱིས་རིང་གིས།།
མཆོད་ཡོན་ཀུན་ལ་ཟ་སྟོན་ལེགས་པར་མཛད།།
འཚོ་བྱེད་གཞན་ཕན་སྨན་དྲུང་སུམ་དར་གྱིས།།
མཆོད་ཡོན་ཀུན་ལ་ཟ་མ་ཐུགས་རྗེས་བཟུང་།།
བློ་གསལ་གུས་ལྡན་དཀར་པོ་དོན་གྲུབ་དང་།།
ངང་ཚུལ་བཟང་ལྡན་ཚེ་དབང་རྒྱ་མཚོ་ཡིས།།
མཆོད་ཡོན་རྣམས་ལ་ཟ་སྟོན་ཐུགས་ལ་བཏགས།།
ཁྱད་པར་བཀྲས་སྐྱིད་ཕག་བྱི་སྤུན་གཉིས་ཀྱིས།།
ཡིག་མཁན་རྣམས་ལ་ཡང་ནས་ཡང་དུ་ནི།།
ཞབས་ཏོག་རྙེད་བསྙེན་བཀུར་ཕུན་སུམ་ཚོགས་པར་ཞུས།།
གཞོན་ནུ་བློ་གསལ་ཚེ་བརྟན་ནོར་བུ་དང་།།
ནོར་བུ་བསམ་གྲུབ་རྡོ་རྗེ་སྤུན་གཉིས་ཀྱིས།།
ཟ་སྟོན་མཛད་པ་ཤིན་ཏུ་རྗེས་ཡི་རང་།།
ཀུན་ནས་དད་པའི་དགོས་དགོས་བུ་ཁྲིད་ཀྱིས།།
ཟ་མ་གནང་བ་ཐུགས་ལ་ཤིན་ཏུ་བཏགས།།
མགྲོན་བུ་གཟིམས་དང་སངས་གླིང་གཟིམས་ཁང་ནས།།
མཐུན་རྐྱེན་མཛད་པ་བཀའ་དྲིན་མཆོག་ཏུ་བསྐྱང་།།
བློ་བཟང་སྦྱིན་པ་གྲོགས་མཆེད་རྣམ་གཉིས་ཀྱིས།།
འབུལ་བའི་ཞབས་འདེགས་མཛད་པ་བཀའ་དྲིན་ཆེ།།
ཀརྨ་འབྱོར་ལྡན་ཞལ་དར་མཐུན་རྐྱེན་མཛད།།
བླ་བོ་སྤྱི་སོས་ལེགས་ཇ་ཞལ་དཀར་འདེགས།།
མཛད་པ་ལ་སོགས་ཐུགས་ལ་ཤིན་ཏུ་བཏགས།།
གཞན་ཡང་ཚུལ་འདིར་གང་ལ་གང་མཁོ་ཡི།།
ཞབས་ཏོག་མཛད་དང་སྒྱུ་ལུས་བཀོལ་བ་སོགས།།
ཐམས་ཅད་མ་ལུས་ཐུགས་ལ་ཤིན་ཏུ་བཏགས།།