text
stringlengths
1
21.1k
འདི་ཉིད་ཀྱི་གདམས་པ་རྣམས་ལ།
ལས་འཕྲོ་ཅུང་ཟད་མཆིས་ཤིང་།
རྗེ་བཙུན་སངས་རྒྱས་དཔལ་བའི་ཞལ་སྔ་ནས་ཀྱི་བཀའ་དྲིན་ལ་བརྟེན་པ་ཡིན་ཏེ།
ཇི་སྐད་དུ།
བཀའ་སྟོད་ལུང་བསྟན་ལས།
ལྷོ་བྲག་ཏུ་ལྷག་པར་མོས་པ་ལྔ་བརྒྱ་འབྱུང་།
ཤུད་ཕུ་བའི་ཁུལ་དུ་ཡང་བདག་དང་འབྲེལ་ཆེ་བ་ཕྱིས་མང་དུ་འབྱུང་།
དེ་དག་ཀྱང་ཆོས་ཞུ་བའི་སློབ་མ་བྱས་པ།
ཤ་སྟག་ཡོད་གསུང་བ་འདི་ཚད་མར་གྱུར་པ་ཡིན་པས།
བདག་ཅག་གི་བྱ་བའི་གནས་འདི་ལ་སུམ་སོམ་ཉི་བྱ་བར་མི་རིགས་སོ།།
དེ་ལ་ཡང་རྣམ་ཐར་སྐྱེ་བ་བཅུ་དྲུག་མར།
བདག་ཉིད་ཆེན་པོ་འདི་ལ་ཡི་དམ་གྱིས་ལུང་བསྟན་པ་ལས།
སྔོན་བླ་མའི་གསུང་ལ་མ་མོས་པའི་རྣམ་སྨིན་ཞིག་ཡོད་པས།
འདིར་ཁྱོད་ཀྱི་གདམ་ངག་ལ་ཐེ་ཚོམ་ཟ་བ་བྱེད་པ་འབྱུང་གསུངས་བ།
རྒྱུ་འབྲས་མི་སླུ་བར་བསྟན་པ་ལྟར།
བདག་ཅག་རྗེས་འཇུག་དག་གིས་ཀྱང་།
འདི་ཉིད་ཀྱི་སྐྱེས་རབས་བྲིས་སྐུར་བཞེངས་པའི་དུས་དང་།
གསུང་སྒྲོས་འགའ་ཞིག་པར་དུ་བཞེངས་པའི་དུས་དང་།
བཀའ་འབུམ་འདི་ཉིད་བཞེངས་པའི་དུས་སུ་ཡང་།
སྐྱེ་བོ་འགྲན་སེམས་དང་ཕྲག་དོག་གི་གཡེན་བཅོས་པ་འགའ་ཞིག་གིས་མི་སྙན་པའི་བབ་བཅོལ་སྒྲོག་པ་བྱུང་ཞིང་།
བདག་ཅག་ཕྱོགས་འདིར་ལྷག་བསམ་གྱི་ཁུར་གཞོམ་གཞིག་མོད་པ་ཐོགས་ཏེ།
ལས་འབྲས་དང་བཀའ་སྲུང་སྤང་དཔང་པོར་བཞག་སྟེ།
རྣམ་དཀར་གྱི་བྱ་བ་འདི་རྣམས་བྱས་པའི་སྐབས་རྣམས་སུ་བར་ཆད་མི་མཐུན་པའི་ཕྱོགས་རྣམས་དང་བྲལ་ཞིང་མཐུན་རྐྱེན་དང་།
ངོ་མཚར་བའི་ལྟས་དངོས་དང་རྨི་ལམ་དུ་བྱུང་ཚུལ་ནི།
འདིའི་ཕྱོགས་སུ་འབད་རྩོལ་བྱས་པ་རྣམས་ཀྱི་མཐོང་མྱོང་ལ་གྲུབ་པས་གསལ་ལ།
ཡ་མཚན་བྱུང་ཚུལ་རྒྱས་པར་ནི་གཞན་དུ་བཀོད་འདོད་པས་དེར་བལྟ་བར་བྱའོ།།
ཕྱིས་འབྱུང་འདི་ཉིད་འབྲི་ཀློག་འཆད་པ་སོགས་ཀྱི་ལས་ཅན་འབྱུང་སྲིད་པས།
འདི་ཉིད་ཀྱི་ཡི་གེའི་ཚིག་སྡེབ་སྦྱོར་རྣམས།
འབྲུ་རེ་རེ་ནས་ལྷད་མ་ཞུགས་པ་དོན་དུ་གཉེར་བར་བྱ་ཡིས།།
བྲིས་ནོར་སོགས་ཀྱི་ཉམས་པར་མ་བྱེད་ཅིག།
འདིར་མ་ཚང་བ་གསུང་སྒྲོས་ཡིན་ངེས་ཚོལ་བ་ལ་བརྩོན་པར་གྱིས་ཤིག།
བླུན་པོའི་རྗེས་སུ་མ་འབྲང་ཞིག་ཅེས་རྒྱ་གསུམ་བཏབ་པའི་སྙན་རྒྱུད་ཐེམ་ཡིག་དང་བཅས་པ་འདི།
མ་གཅིག་སྔགས་ཀྱི་སྲུང་མ་འཁོར་དང་བཅས་པ་རྣམས་ཀྱིས།
ལས་ཀྱི་རྡོ་རྗེའི་སྤྱན་སྔར་ཞལ་གྱིས་བཞེས་པ་བཞིན།
བསྲུང་བ་དང་།
སྤེལ་བ་དང་།
རྒྱས་པའི་ཕྲིན་ལས་མ་གཡེལ་ཅིག།
བཛྲ་ས་མ་ཡཧཱུཾ།
སྤྲིན་བྲལ་མཁའ་ལ་དཔག་ཡས་རྒྱུ་སྐར་ལྟར།།
ཤོག་བུའི་ངོས་འདིར་གདམ་ཟབ་ནོར་བུའི་ཚོགས།།
ལེགས་པར་བསྟར་བའི་གླེགས་བམ་གསང་ཆེན་འདི།།
མཐོང་ཐོས་དྲན་རྣམས་རྡོ་རྗེ་འཛིན་ཐོབ་ཤོག་རྗེས་འཇུག་ཟབ་ལམ་བདུད་རྩི་འདི།།
འཐུང་བར་འདོད་པ་འབྱུང་སྲིད་པས།།
ནོར་འཁྲུལ་ལྷག་ཆད་དུག་ཆུའི་དྲི།།
ལེགས་པར་དཀྲུས་བཀྲུས་འདིར་དགའ་བར་བྱོས།།
ཤེས་པ་དེ་ཉིད་མེ་མོ་ཡོས་ཀྱི་ལོ་ལ།
ལས་ཀྱི་རྡོ་རྗེའི་རྗེས་སུ་འཇུག་ཅིང་།
རྗེས་སུ་བཟུང་བ་ཤུད་ཕུའི་རིགས་ཅན།
ཤཱཀྱའི་དགེ་སློང་ནམ་མཁའ་བློ་གྲོས་དང་།
ནམ་མཁའ་འོད་ཟེར་གྱིས་ཆོས་འཁོར་བླ་བོར་བཀའ་འབུམ་དབུ་ལོགས་རྣམས་ལྷ་དུ་མས་ཉེ་བར་སྤྲས་པ་བཞེངས་པ་དེ་ཉིད་ལ་མ་ཕྱི་ཞུས་འདུག་གོ།།
འདིར་གཙོ་ཆེར་གདན་སའི་ཁྲི་ཐོག་རིན་པོ་ཆེ་ཉིད་དང་དེའི་ཞབས་ཕྱིར་འགྱུར་བ།
མ་ཎི་བ་བློ་བཟང་ནོར་བུ་དཔོན་སློབ་རྣམ་གཉིས་ཀྱིས།།
རྣམ་པར་དཀར་བའི་བགྱི་བ་བགྱིས་ཚུལ་ཆེ་ལོང་ཙམ་ཞིག་འདིར་ཚོགས་པ་རྣམས་ཀྱི་སྙན་དབང་དུ་འབུལ་བར་བྱ་བ་ནི་འདི་ལྟ་སྟེ།། ༄༅༅།། ཨེ་མ་ཧོ།།
ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན།།
གསང་སྔགས་རིགས་སྔགས་ཀུན་གྱི་བདག་པོ་སྟེ།།
ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི།།
བཅོམ་ལྡན་གསང་བའི་བདག་པོ་ལ་ཕྱག་འཚལ།།
མཁྱེན་དང་བརྩེ་བའི་བདག་ཉིད་རྡོ་རྗེ་འཛིན།།
དམིགས་མེད་ཐུགས་རྗེ་ཆེན་པོས་འགྲོ་བ་ཀུན།།
རྣམ་གྲོལ་བདེ་བའི་ལམ་ལ་འཁྲིད་མཛད་པའི།།
ལས་ཀྱི་རྡོ་རྗེའི་ཞབས་ལ་གུས་ཕྱག་འཚལ།།
དཔལ་ལྡན་ཤུད་ཕུ་དཔལ་གྱི་སེང་གེ་ནས།།
ཉེ་བར་བརྒྱུད་པ་ཟླ་བ་རྒྱལ་མཚན་དང་།
ནམ་མཁའ་རྒྱལ་མཚན་བློ་བཟང་བསྟན་དཔལ་གྱི།།
བར་དུ་བྱོན་པའི་དཔལ་ལྡན་ཤུད་ཕུ་པའི།།
བླ་རྒྱུད་མཁན་རྒྱུད་རིམ་པར་བྱོན་ལ་འདུད།།
བྱང་ཕྱོགས་ཞིང་ཁམས་རྡོ་རྗེ་རྣམ་དག་གི།།
བཅོམ་ལྡན་རྡོ་རྗེ་སྙིང་པོའི་གསང་བའིགསང་།
ཡི་དམ་དམ་ཆོས་གསང་བ་བསམ་མི་ཁྱབ།།
སྙན་རྒྱུད་དམ་ཆོས་ཡིད་བཞིན་ནོར་བུར་འདུད།།
དོན་དམ་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན།།
ས་བརྒྱད་སེམས་མ་ཁྲོ་མོའི་ཚུལ་འཛིན་ཅིང་།།
མ་གཅིག་སྲིད་པའི་རྒྱལ་མོ་རལ་གཅིག་མ།།
ལས་ཀྱི་རྡོ་རྗེའི་སྤྱན་སྔར་ཞལ་བཞེས་བཞིན།།
ཆོས་དང་གང་ཟག་རྗེས་སུ་འཇུག་པ་རྣམས།།
མགོན་སྐྱབས་མཛད་པའི་སྲུང་མ་ཁྱོད་ལ་འདུད།
ཀྱེ།
རྒྱ་གར་འཕགས་པའི་ཡུལ་ལས་བྱང་གི་ཕྱོགས།།
གངས་རིས་ཡོངས་བསྐོར་ཤེལ་གྱི་གཞལ་ཡས་ཁང་།།
བོད་ཡུལ་རུ་བཞིའི་གཡོར་པོ་ལྷོ་ཡི་ཕྱོགས།།
དེ་ལས་ཁོལ་ཕྱུང་ལྷོ་བྲག་ཤར་གྱི་སྟོད།
དགེ་བཅུ་ཚང་བ་ཕྱག་གི་ལུང་པ་འདིར།།
ཡུལ་ལྷ་གཉེན་པོ་ཕྱག་ལྷ་ལྕམ་དྲལ་ཞེས།།
རྡོ་རྗེ་གཡུ་སྒྲོན་བསྟན་མ་ཀུན་གྱི་གཙོ།།
འཇིག་རྟེན་སྐྱོང་ཞིང་དགྲ་བགེགས་བདུད་དཔུང་འཇོམས།།
བར་ན་སྲོལ་ལྷ་མགོ་ཟུར་འབྲི་ངུ་དང་།།
ལྷ་རྒོད་དཀར་པོ་མཆིམས་ལྷ་ཐེན་ཙོ་དང་།།
སོལ་མོའི་ལྷ་རྒོད་ཚིལ་ལྷ་བྲག་ཏོག་སོགས།།
མི་ནོར་ཕྱུགས་རྣམས་གོད་ཀ་ཡོངས་ལས་སྒྲོལ།།
སྐྱེས་པ་ཕོ་ལ་མདའ་ཀ་དཔའ་རྩལ་སྟེར།།
མདའ་ན་ཀླུ་གཉན་གླང་སྣའི་ཀླུ་མོ་དང་།།
ཁྱད་པར་བླ་བོའི་ཀླུ་རྒྱལ་ཆེན་པོ་དང་།།
གཞན་ཡང་བར་སྐབས་ཚིགས་ན་གནས་པ་ཡི།།
ཀླུ་ཡི་རིགས་རྣམས་མ་ལུས་ཐམས་ཅད་ཀྱིས།།
ཟ་མ་མོ་ལ་བུ་ནོར་སྤེལ་བ་དང་།།
ཆར་ཆུ་དུས་སུ་འབབ་པའི་མཐུན་རྐྱེན་བསྒྲུབ།།
ཨེ་མ་དགེའོ་ལྷ་ཀླུ་ནོར་ལྷ་ཡིས།།
ལེགས་པར་སྐྱོངས་དང་ད་དུང་ཡུལ་ལྷའི་ཚོགས།།
ཀྱི།
གསང་བདག་གོས་སྔོན་ཅན་གྱི་ཕོ་བྲང་མཆོག།