text
stringlengths
16
998
རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་གོང་ས་ལྔ་པ་ཆེན་པོ་དང་།
བསྟན་འགྲོ་ཡོངས་ཀྱི་གཙུག་རྒྱན།
ནོར་བུ་སྐྱབས་མགོན་མཆོག་བློ་བཟང་སྐལ་བཟང་རྒྱ་མཚོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་འདི་ཉིད་གཙོ་བོར་བཞུགས་པའི་འཁྲུལ་ཟད་ཀྱི་བསྟན་འཛིན་ཐམས་ཅད་ཀྱི་དགོངས་པ་མཐུན་པར་རྩ་བའི་ཆོས་ལུགས་གང་ཡིན་པ་དེ་ཉིད་དར་ཞིང་རྒྱས་ན་ཅི་མ་རུང་སྙམ་སྟེ་སོ་སོའི་སྐུ་བཀའ་དང་མཐུན་པའི་བླ་མ་བརྒྱུད་པ་ཟམ་མ་ཆད་པ་ལས་འོངས་པའི་རྩ་བའི་གྲུབ་མཐའ་དེ་ཉིད་ཡུལ་གྲུ་ཐ་དད་དུ་དར་ཞིང་རྒྱས་པར་མཛད་པ་བཞིན་བསམ་ཡས་འདི་ལ་སྔགས་འཆང་ཆེན་པོས་འཛིན་སྐྱོང་སྤེལ་གསུམ་དེ་ལྟ་བུ་ཞིག་མཛད་ན།
དེང་སང་གི་བར་དུ་གནས་པའི་ངེས་པ་ཡོད་མེད་ཤེས་ལྡན་གཟུར་གནས་རྣམས་ཀྱིས་དྲང་པོའི་བློས་དཔྱོད་མཛོད་དང་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་གསལ་བར་འགྱུར་བ་དོན་ལ་གནས་པས།
དེས་ན་ཉམས་གསོ་གསར་བཞེངས་མཛད་པ་པོ་དེ་ཉིད་ཀྱི་བཞེད་པ་དང་མཐུན་པའི་ཆོས་ལུགས་ལ་རྩ་བར་མི་འཛིན་ན་གཞན་རྩ་བའི་ཆོས་ལུགས་གང་ཡིན་གསལ་བར་སྟོན་པའི་དུས་ལ་བབས་པས།
དེ་བཞིན་ངེས་པ་ཅན་གསུང་རྒྱུ་ཡོད་ཚེ་འཁྲུལ་པ་མེད་པར་སྟོན་པ་ཞུ་ཞིང་།
དེ་མིན་སྔགས་འཆང་གང་གི་རིགས་བརྒྱུད་དུ་སྐྱེས་པ་དང་།
ཆོས་བརྒྱུད་འཛིན་པ་དང་།
སྙིང་ནས་དད་པ་ཐོབ་པའི་གང་ཟག་རྣམས་ཀྱིས་སྔགས་འཆང་ཆེན་པོའི་དགོངས་པ་དང་འགལ་བ་ལ་ཇི་སྙམ་དུ་ཡང་མི་སེམས་པར་བཏང་སྙོམས་སུ་བཞག་ལ།
ཙནྡན་སྡོང་ཤུལ་དུ་ཡོར་མོ་སྐྱེས་པ་ལྟར་བསྟན་པའི་ཞབས་འདྲེན་ལ་འགྲོ་བར་འདུག་པས།
དེས་ན་བསམ་ཡས་ལྕོག་གི་སྐུ་རྟེན་པ་རིམ་ཅན་དང་མཁན་ཚང་རབ་འབྱམས་པ།
མགྲོན་གཉེར་མཁན་ཚང་གཉེར་པ་ལྕོག་གྲྭ་ཚང་མ།
གཞན་ཡང་དེ་ཕྱོགས་སུ་གཏོགས་སོ་འཚལ་ཐམས་ཅད་ནས་དེང་ཕྱིན་ཆད་ཆོས་ལུགས་ཆ་ལུགས་གདངས་དབྱངས་རོལ་ཚིག་འཆམ།
གཏོར་བཟོ་མདོར་ན་ཕྱག་ལེན་ཕྲ་མོ་ཚུན་ཆད་རྙིང་དུས་སོར་བཞག་ལས་གསར་འཕེལ་རྣམས་མི་བྱེད་པ་དང་།
གོང་ས་མཆོག་ལྟ་བུ་ཡོངས་རྫོགས་བསྟན་པའི་བདག་པོའི་བཀའ་བཀོད་བྱུང་ན་མ་གཏོགས་གཞན་ཁ་དྲག་དབང་ཆེ་སུས་འདོད་རྒྱལ་བྱས་བྱུང་ཀྱང་གཙོ་ཆེར་གཞུང་ས་ཆེན་པོའི་སྙན་དུ་གསོལ་བ་དང་།
སྒེར་ལམ་ས་སྐྱར་གནས་ཚུལ་འཕྲལ་བསྲིངས་བྱས་ཐོག་ཡིན་མིན་གྱི་བཀོད་པ་གང་ཡིན་ལ་ཉན་འཇོག་བྱ་བ་ལས་ཁ་དབང་བཙན་དེའི་རྗེས་སུ་འབྲང་བར་མི་བྱ་ཞིང་།
གལ་ཏེ་ཆོས་སྐྱོང་ཆེན་པོ་ནས་ཀྱང་སྐུ་ཁོག་རིམ་ཅན་ལ་ཕེབས་ཐོག་སྔགས་འཆང་ཆེན་པོའི་དགོངས་པ་དང་འགལ་བའི་ལུང་བསྟན་དང་མཛད་སྤྱོད་བྱུང་ན་ཡིད་བརྟན་མི་བྱ་སྟེ་རྒྱུ་མཚན་ཅིའི་ཕྱིར་ན་གསང་བའི་ལུང་བསྟན་གབ་རྒྱ་ཅན་ལས།
ད་ལྟའི་ལོ་ཙཱ་བེ་རོ་ཙ་ན་ཁྱོད།
ངེས་དོན་རྣམ་སྣང་གངས་ཅན་མཚོ་ཞེས་གྲགས།
ལོངས་སྤྲུལ་བྱང་སེམས་དུ་མས་འགྲོ་བ་འདྲེན།
གསུང་གི་སྤྲུལ་པ་དྲང་དོན་བཅུ་གསུམ་པ།
ཐ་མ་འཁོན་གྱི་རིགས་ལ་གྲགས་པའི་མཚན།
ཞེས་གསུངས་པ་དེ་ཉིད་སྔགས་འཆང་ཆེན་པོ་ཡིན་པར་ཚད་ཐུབ་དུ་མས་གསུངས་འདུག་པས།
རྣམ་པར་སྣང་མཛད་གྱི་དགོངས་པ་དང་འགལ་བར་བྱེད་པའི་ཆོས་སྐྱོང་དེའི་དགོས་པ་ཅི།
གལ་ཏེ་ལུང་སྟོན་པ་པོ་པདྨ་སཾ་བྷ་ཝ་ཉིད་མི་དག་ཟེར་ནས་མྱ་ངན་ལས་འདས་པའི་མདོ་ལས།
ང་ནི་ཡོངས་སུ་མྱ་ངན་ལས་འདའོ།
ཁྱོད་རྣམས་མྱ་ངན་མ་བྱེད་ཅིག།
མདངས་ལྡན་དྲི་མེད་མཚོ་དཀྱིལ་དུ།
ང་ལས་ལྷག་པའི་སྐྱེས་བུ་འབྱུང་།
མཚན་ཡང་དག་པར་བརྗོད་པ་ལས།
དཔལ་ལྡན་སངས་རྒྱས་པདྨ་སྐྱེས།
ཞེས་གསུངས་པ་ནི་སློབ་དཔོན་ཆེན་པོ་ཉིད་ཡིན་པར་མཁས་གྲུབ་དུ་མ་ཞལ་མཐུན་པར་འདུག་པས།
རྫོགས་པའི་སངས་རྒྱས་ཀྱི་བསྟན་གྲལ་དུ་མི་སྡོད་ན་མ་གཏོགས་པ་གོང་གི་ལུང་དེ་ལ་དགག་ཏུ་ཅི་ཡོད་སྤྱིར་བཏང་ཙམ་ལའང་ཆོས་སྐྱོང་ཆེན་པོ་བབས་མིན་ཅི་ཡིན་ཀྱང་ཞལ་སྔགས་འཆང་ཆེན་པོ་དང་མི་འབྲལ་བ་ནི་སྔ་མོ་ནས་ད་བར་ལ་རྒྱུན་ཆགས་སུ་བཞུགས་པ་ཡིན་པས་སྔགས་འཆང་གི་དགོངས་པ་དང་འགལ་བ་མཛད་དོན་དེ་བས་ཀྱང་མི་འདུག་པ་གཞིར་བཅས།
གང་ལྟར་ལྷ་མི་ཚང་མ་ནས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་འཛུགས་བཀོད་མཛད་པ་ལ་བསྲེ་ལྷད་སྤུ་ཙམ་མེད་པ་ཞིག་དགོས་རྒྱུ་ཡིན་པས་དེ་བཞིན་ཅིས་ཀྱང་ངེས་པ་དང་།
གལ་ཏེ་དངོས་ཀྱི་བཅའ་ཡིག་འདི་ལ་བསྟན་པ་མི་བསམ་པའི་རང་རྒྱལ་གཞན་ཕམ་གྱི་ཚིག་གཅིག་ཡོད་ཀྱང་བླ་མ་དཀོན་མཆོག་གི་བཀའ་ཆད་ངེད་རང་གི་ཐོག་ཏུ་ཡོང་བ་གདོན་མི་ཟ་བས་གོང་བཀོད་མིང་གསལ་ཚང་མས་ངེད་ཕྱིན་ཆད་བྱི་བླའི་རྣམ་ཐར་བོར་བ་དཀོན་མཆོག་རིན་པོ་ཆེ་ཐུགས་ཞེ་མི་ཁྲེལ་བ་ཞིག་ཅིས་ཀྱང་གལ་ཆེ།
འདི་དོན་བཞིན་ལ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་རྟེན་འབྲེལ་གྱི་ཆེ་བ་དང་།
བདག་ཅག་གི་ལྷག་བསམ་རྣམ་པར་དག་པའི་མཐུས།
དཔལ་འཕྲིན་ལས་ཀྱི་མགོན་པོ་པུ་ཏྲ་དམར་པོས་ཀྱང་སྔགས་འཆང་ཡབ་སྲས་ཀྱི་བསྟན་པ་དང་བཅའ་ཡིག་འདི་དོན་བཞིན་བྱེད་པའི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་སེལ་ཞིང་།
མཐུན་རྐྱེན་ཆོས་ལྡན་གྱི་བྱ་བ་འབད་མེད་ལྷུན་གྱིས་གྲུབ་པ་དང་།
ལོག་པར་ལྟ་བ་གང་དང་གང་དག་མཆིས་པ་དེ་དག་ཐམས་ཅད་མྱུར་དུ་དྲག་པོའི་ལས་ཀྱིས་ཚར་གཅོད་མ་མཛད་ན་རྣལ་འབྱོར་པ་བདག་ཅག་ལས་ཀྱི་དབང་གིས་འཁོན་རིགས་སུ་སྐྱེས་ནས་ཁྱེད་ལ་མཆོད་གསོལ་ཞུས་པ་ལ་དགོས་པ་མི་འདུག་ཅིང་ཡང་དག་པའི་བསྟན་པ་དང་འཇིག་རྟེན་སྐྱོང་བར་ཞལ་གྱིས་བཞེས་པ་ལའང་དོན་མི་འདུག་པས་དཀར་ནག་གི་ཤན་འབྱེད་འཕྲལ་དུ་ཡོང་བའི་འཕྲིན་ལས་མཛོད་ཅིག་ཅེས་བསམ་ཡས་ལྕོག་གྲྭ་སྒེར་གྱི་བཅའ་ཡིག་ལྷག་བསམ་རབ་དཀར་འདི་ཡང་སྤྱི་དགོས་བསྟན་པ་རིན་པོ་ཆེའི་ཞབས་འདེབས་སུ་དམིགས་ནས་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསམ་ཡས་ཤར་སྒོ་ཟུར་ཁང་དུ་མགྱོགས་པར་བྲིས་པ་དགེ་ཞིང་བཀྲ་ཤིས།
ཀུན་དགའ་བློ་གྲོས།
བསམ་ཡས་ལྕོག་གྲྭའི་བཅའ་ཡིག་
འདུན་པ་ཆེན་པོ།
དུར་སའི་ཁྲོད་ཀྱི་མི།
ངའི་བསམ་ཚུལ་ལ།
དེ་ནི་ངའི་མི་ཚེའི་ནང་སྔོན་ཆད་བྱུང་མ་མྱོང་བའི་དངངས་སྐྲག་ཆེ་ཤོས་སྐྱེས་པའི་ཉིན་མོ་དེ་ཡིན།
ད་ལྟ་ང་ཆེན་པོ་ཆགས་ཡོད།
འོན་ཀྱང་དེ་དུས་ང་བུ་ཆུང་ཆུང་ཞིག་ཡིན།
ལོ་མང་པོའི་གོང་ཞིག་ལ་ཡེ་ཤུའི་འཁྲུངས་སྐར་གྱི་སྔ་ནུབ་ཀྱི་ཉིན་མོ་ཞིག་ཏུ།
ང་ལ་འདར་སིག་སིག་བྱེད་པའི་འཇིགས་སྣང་སྐྱི་གཡའ་བ་ཞིག་བྱུང་བ་དེ།
ལོ་མང་པོ་སོང་མོད་དུས་ད་ལྟ་ཡང་དྲན་ཚོར་ཡོང་གི་འདུགསྐབས་དེར་རྒྱུ་མཚན་ཞིག་གི་དོན་དུ་ང་དུར་སར་འཁྱམས་པས།
ང་རང་གི་ཕ་མ་གཉིས་དུར་དུ་སྦས་སའི་དུར་ས་མཐོང་བྱུང་།
དེ་ཉིན་ནམ་དུས་ཆེས་གྲང་བའི་དགོང་མོ་ཞིག་ཡིན་ཙང་།
མཚོ་འགྲམ་ནས་རླུང་ཤུགས་ཆེན་པོ་བརྒྱབ་པ་དང་།
དུར་ཁྲོད་ཀྱི་ལྕགས་རིའི་རྒྱབ་ཀྱི་ས་ཆ་འདམ་རྫབ་ཡིན་ལ།
སྨག་རུམ་གྱིས་ཁྱབ་པ།
མི་མེད་ལུང་སྟོང་ལྟ་བུ་དེའི་སྟེང་དུ་གྱ་གྱུ་ལྟོ་འགྲོའི་འགྲོས་དང་འདྲ་བའི་གཙང་ཆུ་རྒྱུགས་བཞིན་ཡོད་པ་དེ་དྲན་སོས་ཀྱི་འདུག་སྐབས་དེར་བང་སོ་དེ་ཚོའི་ཁྲོད་ནས་གཟུགས་བརྙན་འཇིགས་སུ་རུང་བ་ཞིག་ཐོན་ནས་ང་ལ་འཇིགས་སྣང་དང་།
དངངས་སྐྲག་གིས་ངའི་སྙིང་ཁ་ནས་ཐོན་པ་ལྟ་བུ་ཞིག་བྱུང་ཙང་།
དྲན་པའང་འཐོར་སོང་།
དེ་མ་ཐག་ཏུ་སྐད་ངན་ཞིག་གིས།
འདྲེ་ཕྲུག་ཆུང་ཆུང་དེ་སྐད་ཅོར་མ་བརྒྱབ་པར་ཁ་ཐུག་ལངས་ནས་སྡོད་ཅིག་དེ་མིན་ན་ཁྱོད་ཀྱི་སྐེ་གཅོད་ཀྱི་ཡིན།
ཞེས་སྨྲས་པ་དང་སྦྲགས་རྐང་པར་ལྕགས་བརྒྱབ་པ།
མགོ་བོའི་སྐྲ་རྩུབ་ལ་ཟིང་ཟིང་འཇིགས་སྣང་ཅན་གྱི་མི་ཞིག་གིས་ངའི་མལ་ལེ་ནས་འཇུས་བྱུང་།
མི་དེས་ཞྭ་མོ་མ་གྱོན་པར་མགོ་ལ་རས་ཚལ་ཞིག་དཀྲིས་པ་དང་།
ལྷམ་ཡང་རྩབ་རལ་ཞིག་གྱོན་འདུག་ཁོའི་མགོ་ནས་རྐང་མཐིལ་བར་རློན་པ་ཆགས་པ་མ་ཟད།
འདམ་རལ་ཉིལ་ལེར་སོ་སྒྲ་སྒྲོག་པ་དང་།
ཁ་འདར་རྒྱག་བཞིན་དུ་ངའི་གདོང་ལ་ཅེ་རེར་ལྟ་གིན་འདུག་ང་འཇིགས་སྣང་སྐྱེས་ནས་ཁོ་ལ་སྐུ་ཞབས་ལགས།
ངའི་སྐེ་མ་གཅོད་རོགས་གནང་།
ཐུགས་རྗེས་གཟིགས།
དེ་འདྲ་མ་གནང་རོགས།
མི་དེས་ང་དཀྲུག་དཀྲུག་ཅིག་བཏང་ནས་ཁྱོད་རང་གི་མིང་མགྱོགས་པོར་ང་ལ་ཤོད་དང་བརྗོད་པར།
ངས་ང་ལ་ཕིབ་ཟེར་གྱི་ཡོད།
ཁོས་ང་ལ་ཐད་ཀར་བལྟས་ནས་ག་རེ་ཞེས་དྲིས་བྱུང་།
ངས་ངའི་མིང་དངོས་གནས་ཕི་ལིཔ་ཡིན་ཀྱང་།
ཚང་མས་ང་ལ་ཕིབ་ཅེས་འབོད་ཀྱི་ཡོད།
ཁྱོད་རང་ག་པར་སྡོད་ཀྱི་ཡོད།
ང་ལ་མིག་སྟོན་དང་།
ཞེས་བཤད་བྱུང་།
ངས་ལྷ་ཁང་ཅཱར་ཅ་ནས་མེ་ལེ་གཅིག་ལྷག་ཙམ་གྱི་སར་ཤིང་སྡོང་མང་པོའི་དཀྱིལ་དུ་གནས་པའི་ང་རང་གི་གྲོང་གསེབ་དེ་བསྟན་པ་ཡིན།
མི་དེས་ང་ལ་ཡུད་ཙམ་ཞིག་བལྟས་ནས་དེ་མ་ཐག་ཏུ་ང་མགོ་རྟིང་བསློག་སྟེ་ངའི་སྦ་ཁུག་སྟོང་པ་བཟོས་སོང་།
སྦ་ཁུག་དེ་ཚོའི་ནང་དུ་བག་ལེབ་ཀྱི་ཆ་ཤས་ཤིག་མ་གཏོགས་གང་ཡང་མེད།
ཁོས་ནུས་ཤུགས་དྲག་པོས་གློ་བུར་དུ་ང་མགོ་མཇུག་བསློགས་པར་བརྟེན།
ལྷ་ཁང་དེ་ཡང་མགོ་མཇུག་བརྗེས་པ་ལྟ་བུར་མངོན།
ང་གཟུགས་པོ་འདར་བཞིན་དུ་བང་སོ་མཐོ་བོ་ཞིག་གི་སྟེང་དུ་བཞག་ཅིང་།
དེའི་སྐབས་ཁོ་ནི་གཅན་གཟན་ལྟོགས་པ་ལྟ་བུར་བག་ལེབ་ཟ་བཞིན་གནས།
དེ་མ་ཐག་ཏུ་ཁོས་འཇིགས་སྐུལ་དང་སྦྲགས་མགོ་བོ་དཀྲུག་བཞིན་ང་ལ་ཁྱི་ཕྲུག་དེའི་མཁུར་ཚོས་རྒྱག་ལུགས་དེ་ལ་བལྟས་ན།
ཟ་འདོད་ཞེ་དྲག་སྐྱེད་ཀྱི་འདུག་ཅེས་བརྗོད་བྱུང་བར།
ངས་དེ་འདྲ་མ་གནང་རོགས་ཟེར་བ་ལྟ་བུའི་རྣམ་འགྱུར་བསྟན་ནས།
ལམ་སེང་བང་སོ་དེར་དམ་པོར་འཇུས་ནས་བསྡད་པ་ཡིན།
དེ་ནས་ཁོས་ང་ལ་ད་ཉོན་དང་།
ཁྱོད་རང་གི་ཨ་མ་ག་པར་ཡོད།
ཁོ་ཡར་ལངས་བཞིན་པའི་སྐབས་དེར་ངས་བྲོས་འགྲོ་གྲབས་བྱས་པས།
སླར་ཡང་ང་ལ་ཕྱིར་མིག་གིས་བལྟས་དུས་ངས་མཛུབ་མོ་བཙུགས་ཏེ།
ངའི་ཨ་མ་ལགས་གྲོངས་ཚར་སོང་།
པ་ལགས་ཀྱང་དེ་མཚུངས་རེད།
ཁོས་ཡུད་ཙམ་མནོ་བསམ་ཞིག་བཏང་ནས།
ཁྱོད་རང་སུའི་མཉམ་དུ་སྡོད་ཀྱི་ཡོད་དམ།
གལ་ཏེ་ངས་ཁྱོད་ཚེ་ཐར་བཏང་བ་ཡིན་ན།
ཞེས་དྲིས་བྱུང་།
ངས་ང་རང་གི་སྲིང་མོ་ཇཱོ་གྷར་ཇ་རིའི་མཉམ་དུ་སྡོད་ཀྱི་ཡོད།