text
stringlengths
1
22.3k
མེ་མདའ་ཡང་བརྒྱབ་པ་རེད།
ཅེས་ཁོང་གིས་ཆིག་ལབ་བརྒྱབ་སྟེ་ང་ལ་དཀྲུགས་ཙམ་བྱས་ཏེ།
ཁྱོད་ཀྱིས་མི་དེར་དམིགས་བསལ་དོ་སྣང་ག་རེ་བྱུང་།
ཞེས་དྲིས་པར།
ངས་གསལ་པོ་དྲན་གསོས་མིན་ལ་མ་ལྟོས་པར།
ཁོའི་གདོང་པར་རྨས་སྐྱོན་ཚབས་ཆེན་ཤོར་བ་ཞིག་འདུག་ཅེས་བཤད།
མི་དེས་རང་ཉིད་ཀྱི་འགྲམ་པ་གཡོན་མར་ལག་པ་འཆང་ནས་འདི་གར་མི་འདུག་གམ།
ཞེས་དྲིས་བྱུང་བར་ངས།
དེ་གར་འདུག་བརྗོད་པ་ཡིན།
ཁོས་ཁ་ལག་གང་ལྷག་པ་དེ་དག་སྟོད་ཐུང་ཐལ་མདོག་དེའི་སྦ་ཁུག་ནང་ལྡུག་བཞིན་དུ་ཁོ་ག་པར་འདུག་འགྲོ་སའི་ལམ་དེ་སྟོན་དང་།
ད་ལྟ་རང་ཁོ་ཐུག་དགོས་འདུག་སྟེ།
འོན་ཀྱང་ངའི་རྐང་པར་བརྒྱབ་པའི་ལྕགས་འདི་ཅ་མ་ཟིང་།
བུ་ཁྱོད་ཀྱིས་ང་ལ་སག་རྡར་དེ་སྤྲོད་དང་།
ཞེས་བརྗོད་བྱུང་།
ཁོས་ང་དེར་ཡོད་པ་དང་ཁོ་རང་གི་རྐང་པ་རྨས་མ་ཁྲག་གིས་དམར་པོར་གྱུར་པ་དེར་དོ་སྣང་མ་བྱས་པར།
རྩྭ་རློན་པའི་སྟེང་དུ་བསྡད་དེ་སྨྱོན་པ་ནང་བཞིན་རྐང་ལྕགས་དེ་གཅོད་ཀྱིན་བསྡད་སོང་།
ཁོས་དངངས་སྐྲག་དང་འཚབ་འཚུབ་ཀྱི་ངང་ནས་དེ་འདྲ་བྱས་སྟབས།
ང་ཡང་བསྐྱར་ཁོ་ལ་འཇིགས་སྣང་བྱུང་བ་དང་།
ལྷག་པར་ཁྱིམ་གྱི་ཕྱི་རོལ་ཏུ་ཡུན་རིང་པོར་སྡོད་བྱེད་རྒྱུ་ལ་ཡང་འཇིགས་ཤིང་འཚེར་བ་ཞིག་བྱུང་།
ངས་ཁོ་ལ་ང་འགྲོ་གི་ཡིན་ལབ་ཀྱང་ཁོས་དོ་སྣང་བྱས་མ་སོང་།
དེ་འདྲ་སོང་ཙང་ངའི་བསམ་པར་ད་ཁུ་སིམ་མེར་བྲོས་ན་ཡག་ཤོས་རེད་དྲན་བྱུང་།
ངས་ཁོ་མཐའ་མ་དེ་མཐོང་དུས་ཁོས་རང་ཉིད་ཀྱི་གདོང་དེ་པུས་མོའི་སྟེང་དུ་བཀུག་སྟེ།
རྐང་ལྕགས་གཅོད་ཀྱིན་བསྡད་པ་དང་།
ངས་སྨུག་པའི་གསེང་དུ་ངལ་གསོས་ཏེ་ཉན་ནས་སྡོད་སྐབས།
སྒྲ་མཐའ་མ་དེ་སག་རྡར་གྱི་སྒྲ་དེ་ཐོས་བྱུང་།།།།
ལེའུ་གསུམ་པ།
རྗེས་འདེད།
དེ་ཉིན་དགོང་ཚིགས་སྐབས་སུ་ང་ཚོར་རོགས་པ་ཁ་ཤས་ཡོད།
ཅྰར་ཅའི་དྲུང་ཡིག་སྐུ་ཞབས་ཝུཔས྄་ལེ་དང་།
ཇཱོ་ཡི་ཨ་ཞང་སྟེ་གྲོང་ཁྱེར་ནང་གི་ཨ་ཤོམ་ཚོང་པ་ཕྱུག་པོ།
པིམ་པལ་ཅུག་བཅས་ཀྱང་ཞལ་ལག་ལ་ཕེབས་འདུག་ཇཱོ་དང་ང་གཉིས་ཅཱར་ཅི་ནས་འཁོར་སྐབས།
མི་སིས་ཇཱོ་ཇཱོ་ཡི་སྐྱེ་དམན་ནི།
གཟབ་སྤྲོས་ཡིད་དུ་འོང་བ་བརྒྱབ་སྟེ།
གསོལ་ཅོག་བསྒྲིག་རྒྱུ་དང་ཞལ་ལག་བཟོ་རྒྱུ་སོགས་ཚང་མ་གོ་སྒྲིག་ཡིད་འཕྲོག་པ་བྱས་འདུག་འོན་ཀྱང་ད་ནང་ཞོགས་པ་རྐུན་མ་ཤོར་བའི་སྐོར་ལ་སྐད་ཆ་ཚིག་གཅིག་ཀྱང་གླེང་གི་མི་འདུག་ལྷ་ཁང་ནང་དུ་ང་ལ་སེམས་ངལ་ཆེན་པོ་ཞེ་དྲགས་བྱུང་བས།
དེ་གར་ངས་སྡིག་པ་དག་པའི་སྨོན་ལམ་ཡང་བརྒྱབ་པ་ཡིན།
ང་ཚོ་ཚང་མ་རྒྱ་ཅོག་གི་མཐའ་ལ་བསྐོར་ཏེ་སྡོད་རྒྱུའི་དུས་སྐབས་དེ་ལ་སླེབས།
ང་ལ་གང་སྤྲད་པ་དེ་དག་ངས་རྨི་ལམ་རྨིས་པ་ལྟར་བཟས་པ་ཡིན།
ཞལ་ལག་ཕལ་ཆེར་གྲུབ་པ་དང་ངའི་བསམ་པར་ང་ཐར་སོང་བསམས་བྱུང་།
དེ་ནས་ངའི་གཅེན་མོས་མགྲོན་པོ་ཚོ་ལ་ལྷན་རྒྱས་ཚོས་ངའི་ཤ་བག་ལེབ་ནས་ཁམ་གང་རེ་ཙམ་མཆོད་ནས་ངེས་པར་དུ་བྲོ་བ་གཟིགས་གནང་རོགས།
གསུངས་པ་དང་།
ངས་རྒྱ་ཅོག་གི་རྐང་རྟེན་ལ་དམ་པོར་འཇུས་ཏེ་བསྡད།
ང་རང་གི་བསམ་པར་ཁོང་ཚོར་ཤ་བག་ལེབ་ཀྱི་བྲོ་བ་མྱོང་ཐབས་བྲལ་བ་རེད་བསམས་བྱུང་ཡང་།
ཨ་ཞང་པིམ་པལ་ཅུག་ཅེས་པ་ནི་གྲོད་པ་ཆེན་པོ།
ལོ་བགྲེས་སོང་།
མི་ལྷོད་ལྷོད།
མིག་ལྟ་སྟངས་ཉོབ་ཏོ།
ཉ་ནང་བཞིན་ཁ་ཆེན་པོ་དང་མགོ་སྐྲ་གྱེན་ལ་ཟིང་པ་དེས།
མི་སིས་ཇཱོ།
འོ་ཡོང་ང་།
ང་ཚོས་གང་ཡོང་ཟས་ཆོག་ཅེས་བརྗོད་ཙང་།
ངའི་ཨ་ལྕག་ཤ་བག་ལེབ་ལེན་པར་ཕྱིན་སོང་།
སྐབས་དེར་སྐུ་ཞབས་པིམ་པལ་ཅུག་ནས་གྲི་དེ་ཁ་ཐུག་བཞག་པ་མཐོང་ཙང་།
ཁྱོད་རང་ཡང་ཏོག་ཙམ་ཟོ།
ཞེས་ཇཱོ་ཡིས་བརྗོད་བྱུང་།
ངས་ད་ཆ་བཟོད་ཐུབ་ས་མ་རེད་བསམས་ནས་རྒྱ་ཅོག་གི་རྐང་རྟེན་གློད་ནས་བྲོས་ཕྱིན་པ་ཡིན།
འོན་ཀྱང་སྒོ་ཕྱེས་ནས་ཕྱིར་མ་ཐོན་ཙམ་དུ་མེ་མདའ་འཁྱེར་བའི་ཉེན་རྟོག་པའི་དམག་མི་སྡེ་ཁག་ཅིག་གདོང་ཐུག་བྱུང་བ།
ཁོང་ཚོ་གཅིག་གིས་ལག་ལྕགས་ཤིག་འཕྱར་ནས་ཁྱེད་རང་འདིར་འདུག་ག་འདི་ཁྱེད་ཀྱི་ཆེད་དུ་ཡིན།
ཞེས་བཤད་བྱུང་།
ང་ཚོའི་སྒོ་འགྲམ་དུ་དམག་མི་མཐོང་བ་དང་།
ནང་གི་མི་ཚང་མ་ཡར་ལངས་ནས།
ཟིང་འཚུབ་ལངས་པ་དང་སྦྲགས་མི་སིས་ཇཱོ་ཡང་ཐབ་ཚང་ནང་ནས་ལག་པ་སྟོང་པར་ལོག་ཡོང་ནས་ང་ཚོར་ལྟ་བཞིན་བསྡད་དེ།
ཧང་སངས་པ་དང་བཅས་ཤ་བག་ལེབ་མི་འདུག་ཅེས་གསུངས་སོང་།
ང་ལ་སྐད་ཆ་ཤོད་མཁན་དེ་ཉེན་རྟོག་པའི་སྡེ་དཔོན་དེ་རེད།
ཁོང་གིས་ད་ཆ་ལག་པ་གཡས་པར་ལག་ལྕགས་འཁྱེར།
ལག་གཡོན་མ་དེ་ངའི་དཔུང་པའི་སྟེང་དུ་བཞག་སྟེ།
རོགས་པ་ཚོར་ཡག་པོ་བལྟས་ནས་ལྷན་རྒྱས་ཚང་མ་དགོངས་དག་ངས་བཙོན་པ་བྲོས་ཤོར་བ་ཞིག་རྗེས་འདེད་བྱེད་ཀྱི་ཡོད།
ང་ལ་མགར་བ་ཞིག་དགོས་ཀྱི་འདུག་ཅེས་ཇཱོ་ལ་མིག་བལྟས་སོང་།
ཁོང་གིས་དེའི་རྗེས་སུ་མུ་མཐུད་དེ།
ལག་ལྕགས་འདིའི་སྒོ་ལྕགས་ལ་སྐྱོན་ཤོར་འདུག་འདི་ད་ལྟ་ལམ་སེང་བེད་སྤྱོད་བྱེད་རྒྱུར་དགོས་མཁོ་འདུག་ཁྱེད་རང་གིས་གཅིག་གཟིགས་གནང་ན་འཐུས་སམ།
ཞེས་བཤད་པ་དང་།
ཇཱོ་ཡིས་དེ་ཚོར་བལྟས་ནས་ལས་ཀ་འདིར་དུས་ཚོད་ཏོག་ཙམ་འགོར་བཟོ་འདུག་དེའི་བར་དུ་དམག་མི་ཚོ་ནང་དུ་ཕེབས་ནས་གསོལ་ཇ་བཞེས་ཏོག་མཆོད་གནང་ན།
ཞེས་ཁོང་ཚོར་འདོད་པ་ཡོད་པ་གཞིར་བཞག་གིས་དགའ་པོའི་ངང་ནས་གསུངས་སོང་།
ཁོང་ཚོར་ཞལ་ལག་དང་བཞེས་རག་ཕུལ་རྗེས་སྐུ་ཞབས་ཝུཔས྄་ལེ་ནས་སྡེ་དཔོན་ལགས།
ཁྱེད་ཀྱི་དགོངས་པར་མི་ཉེས་ཅན་དེ་ཚོ་འཛིན་བཟུང་བྱེད་ཐུབ་ཀྱི་རེད་དམ།
ཞེས་དྲིས་པར།
སྡེ་དཔོན་དེས།
འཛིན་བཟུང་བྱེད་ཐུབ་ཀྱི་རེད།
ཁོང་ཚོ་ད་ལྟའང་འདམ་རྫབ་ཀྱི་ཐང་དེར་ཡོད་སྐད་འདུག་འདིར་ཡོད་པ་རྣམ་པ་ཚོས་ཁོང་ཚོའི་སུ་ཡང་མཐོང་མ་བྱུང་ངམ།
ཞེས་དྲིས།
ང་རང་མ་གཏོགས་ཚང་མས་ཡིད་ཆེས་ཀྱི་སྒོ་ནས་མཐོང་མ་བྱུང་བརྗོད་པ་དང་།
ཁོང་ཚོ་སུས་ཀྱང་ངའི་སྐོར་ལ་མནོ་བསམ་འཁོར་མ་སོང་།
དེ་ནས་ཇཱོ་ཡིས་ལས་ཀ་གྲུབ་པ་དང་ཁོ་རང་གི་ཀོཊ་ལྭ་བ་གྱོན་བཞིན་དུ་ང་ཚོ་འགའ་ཤས་དམག་མི་ཚོའི་མཉམ་དུ་ཕྱིན་ནས་འཚོལ་འདེད་ཀྱི་གྲུབ་འབྲས་ཇི་བྱུང་ལ་བལྟས་ན།
ཞེས་དགོངས་ཚུལ་གསུངས་པར།
སྐུ་ཞབས་པིམ་པལ་ཅུག་ནི་འགྲོ་འདོད་བྱས་མ་སོང་།
སྐུ་ཞབས་ཝུཔས྄་ལེ་ཡིས་གལ་ཏེ་ཇཱོ་རང་འགྲོ་ན་ང་ཡང་འགྲོ་གི་ཡིན།
གསུངས།
ཇཱོ་ཡིས་གལ་ཏེ་གཅེན་མོར་འདོོད་པ་ཡོད་ན་ང་ཡང་འཁྲིད་ཀྱི་ཡིན་གསུངས་པར།
ངའི་གཅེན་མོས་གལ་ཏེ་བུའི་མགོ་བོ་མེ་མདས་གཏོར་སྐྱོན་བྱུང་ན།
ངས་བཅོས་ཐབས་བྱེད་ཀྱི་རེད་མ་བསམས་ཨང་།
ཞེས་གསུངས་སོང་།
ཉེན་རྟོག་པའི་སྡེ་དཔོན་དེས་ང་ཚོར་དམག་མི་ཚོའི་རྗེས་ལ་ཡོང་དགོས་པ་དང་།
འདམ་རྫབ་ཡོད་སའི་འཁྲིས་ལ་སླེབས་ན།
སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཆོག་པའི་བཀའ་ནན་པོ་གནང་བྱུང་།
ང་ཚོ་ཕྱི་ལ་སླེབས་པ་དང་ངས་ཇཱོ་ལ་ཤབ་ཤུབ་ཀྱི་སྒོ་ནས་ངའི་བསམ་པར་ཁོང་ཚོ་རྙེད་ཀྱི་མ་རེད།
བརྗོད་པར།
ཇཱོ་ཡིས་ཀྱང་དེ་མཚུངས་ངའི་རྣ་བར།
ཁོང་ཚོ་འདམ་རྫབ་ནས་ཐོན་ཚར་ནས་མེད་ན།
ཕིཔ་ཁྱེད་རང་ལ་ངས་དངུལ་སྒོར་ཤི་ལིངྒ་གཅིག་སྤྲོད་ཀྱི་ཡིན།
ཞེས་བརྗོད་བྱུང་།
ང་ཚོས་དུར་ཁྲོད་ཟུར་གྱི་རྒྱལ་སྒོ་བརྒྱུད་དེ་འདམ་རྫབ་ཡོད་སར་མགྱོགས་པོར་འགྲོ་སྐབས།