text
stringlengths
1
22.3k
ཅེས་དྲིས་པ་ཡིན།
གཅེན་མོས་དབུགས་ཧད་བཞིན་དུ་ཁྱོད་ལ་དཀོན་མཆོག་གིས་སྐྱོབ་པར་ཤོག་དེ་ནི་བཙོན་གྲུ་ཞིག་ནས་རེད།
ཅེས་བརྗོད་པར།
ངས་དགོངས་དག་བཙོན་གྲུ་ཟེར་ན་ག་རེ་རེད་དམ།
ཅེས་དྲིས་པར།
ཇཱོ་ཡིས་བཙོན་གྲུ་ཟེར་ན་འདམ་རྫབ་ཐང་དུ་ཡོད་པའི་གྲུ་གཟིངས་ཀྱི་བཙོན་ཁང་ཞིག་རེད།
ཅེས་འགྲེལ་བཤད་གནང་བྱུང་།
ངས་དོགས་པ་སེལ་རྒྱུའི་རེ་བ་དང་བཅས།
བཙོན་གྲུའི་ནང་དུ་སུ་འཇུག་གི་ཡོད་པ་དང་ག་རེ་བྱས་ཏེ་འཇུག་གི་ཡོད་རེད་དམ།
ཅེས་དྲིས་པ་ཡིན།
དེ་ལྟར་དྲིས་པའི་རྐྱེན་གྱིས་གཅེན་མོ་ཁོང་ཁྲོ་ལངས་ཏེ།
ཕྲུ་གུ་འདིའི་གཤིས་ཀ་དེ་ག་རང་རེད།
དྲི་བ་གཅིག་གི་ལན་བཏབ་ན།
དྲི་བ་མང་པོ་མུ་མཐུད་ནས་ཁ་ཐུག་ལ་འདྲི་གི་རེད།
མི་ངན་ཚོ་བཙོན་གྲུར་འཇུག་དགོས་དོན་ནི།
མི་གསོད་ཁྲག་སྦྱོར་དང་འཕྲོག་བཅོམ་སོགས་བྱ་ངན་སྣ་ཚོགས་བྱེད་མཁན་དེ་རིགས་ལ་ཁོང་ཚོས་རྟག་ཏུ་དྲི་བརྩད་བྱེད་ཆེད་བཙོན་འཇུག་བྱེད་ཀྱི་རེད།
ད་ཁྱོད་རང་ཉལ་དུ་རྒྱུགས་ཤིག་ཅེས་གསུངས་བྱུང་།
ང་མུན་ནག་ནང་སྐས་འཛེགས་ལ་ཡར་འཛེགས་ནས་འགྲོ་སྐབས།
ང་རང་བཙོན་གྲུའི་ཕྱོགས་སུ་འགྲོ་གི་ཡོད་པ་ལྟར་ཚོར་བྱུང་།
གང་ལགས་ཟེར་ན།
ངས་ཐོག་མར་དྲི་བ་མང་པོ་དྲིས་པ་དང་།
གཅེན་མོའི་ནང་ནས་བརྐུ་ཡང་རྒྱག་དགོས་འཁེལ་གྱི་རེད།
གལ་ཏེ་དོ་ནུབ་གཉིད་ཁུག་པའི་དབང་དུ་བཏང་ཡང་།
རྨི་ལམ་ནང་གཙང་ཆུའི་རྦ་རླབས་དྲག་པོ་དེས་ང་འཁྱེར་ནས་ངའི་སྙིང་འདོན་ཆེད་དུ་བསྒུགས་བསྡད་པའི་མི་གཞོན་པ་འཇིགས་སུ་རུང་བ་ཡོད་ས་དེར་འགྲོ་རྒྱུ་རེད།
ཞོགས་པ་སྐྱ་རེངས་ཤར་བ་དང་ཡར་ལངས་ཏེ་སྐས་འཛེགས་ལས་བབས་པས།
རང་གི་ཚོར་སྣང་ལ་ཤིང་གི་པང་ལེབ་ཡོད་ཚད་ཚང་མས་ངའི་རྗེས་ལ་རྐུན་མ་དེ་མ་འགྲོ་ཞིག་ཅེས་དང་།
མི་སིས་ཇཱོ།
ཡར་ལོངས་ཤིག་ཅེས་འབོད་ཀྱི་ཡོད་པ་འདྲ་པོ་འདུག་ངས་བག་ལེབ་དང་ཕྱུ་ར།
བསྙལ་ཚལ་ཤེལ་དམ་གཅིག་རྡོ་ལས་གྲུབ་པའི་སྣོད་ཅིག་ནང་ཡོད་པའི་ཨ་རག་ཕྲན་བུ་དེ་ངས་སྨན་ལྡུག་སའི་ཤེལ་དམ་ཞིག་གི་ནང་དུ་བཏོན་པ་ཡིན་ཤ་བག་ལེབ་སྒོར་སྒོར་གཅིག་བཅས་བརྐུས་པ་ཡིན།
གནས་སྐབས་རིང་ཤ་བག་ལེབ་དེ་ནི་བོར་བརླག་ཤོར་བ་ཤེས་ཀྱི་མ་རེད་སྙམ་པའི་རེ་བ་བྱུང་།
ཐབ་ཚང་ནས་ཇཱོ་ཡི་མགར་ཚང་བར་འགྲོ་སའི་སྒོ་གཅིག་ཡོད།
ངས་སྒོ་ཕྱེས་ཏེ་ཇཱོ་ཡི་མགར་བཟོའི་ཡོ་ཆས་ཀྱི་ནང་ནས་སག་རྡར་གཅིག་ཀྱང་བཏོན་ནས་ཁང་པའི་རྒྱལ་སྒོ་ཕྱེས་ཏེ།
སྨུག་པས་གཡོགས་པའི་འདམ་རྫབ་ཀྱི་ཕྱོགས་སུ་བརྒྱུགས་ནས་ཕྱིན་པ་ཡིན།
ངས་མེ་མདའི་སྟེགས་བུ་ཡོད་སའི་ལམ་དེ་ཤེས་ཀྱི་ཡོད།
གང་ཡིན་ཟེར་ན།
ང་གཟའ་ཉི་མ་ཞིག་ལ་ཇཱོ་དང་མཉམ་དུ་དེར་ཕྱིན་པ་ཡིན།
མེ་མདའི་སྟེགས་བུ་དང་ཐག་ཉེ་པོ་ཡོད་པའི་ས་དོང་དེར་སླེབས་སྐབས།
ངས་མི་དེ་དེར་བསྡད་ཡོད་པ་མཐོང་བྱུང་།
ཁོས་ངའི་ཕྱོགས་སུ་རྒྱབ་བསྟན་ཅིང་།
ལག་གཉིས་བསྐུམས་པའི་སྟེང་དུ་མགོ་བོ་བཞག་སྟེ་གཉིད་ལྗིད་པོ་ཁུག་བསྡད་འདུག་ང་ག་ལེར་ཕྱིན་ནས་ཁོའི་དཔུང་པར་འཇུས་ནས་གཉིད་དཀྲོགས་པས་ཁོ་དེ་མ་ཐག་ཏུ་འཕར་སོང་།
དེ་ནི་ཁ་སང་གི་མི་དེ་མིན་པར་གཞན་ཞིག་རེད་འདུག་མི་དེ་ཡང་གོས་རྩུབ་དྲེག་ཐལ་མདོག་ཅན་ཞིག་གྱོན་པ།
རྐང་པར་ལྕགས་བརྒྱབ་པ།
ཕྱོགས་ཚང་མ་ནས་ཁ་སྔོན་གྱི་མི་དེ་དང་གཅིག་མཚུངས་འདུག་ངས་དེ་ལྟར་མཐོང་བའི་དུས་ཡུན་ཐུང་ངུ་ཞིག་ལས་མ་བྱུང་།
གང་ཡིན་ཟེར་ན།
ཁོས་མནའ་ཞིག་བསྐྱལ་ནས་ང་ལ་གཅིག་གཞུས་ཏེ་བྲོས་པ་དང་སྦྲགས་སྨུག་པའི་གསེང་དུ་བོར་སོང་།
དེ་ནི་མི་གཞན་པ་དེ་ཡིན་གྱི་རེད་བསམས་ནས་ང་འཇིགས་སྣང་ཞེ་དྲགས་སྐྱེས་ཏེ།
མེ་མདའི་སྟེགས་བུ་ཡོད་སར་མགྱོགས་མྱུར་ཕྱིན་པ་ཡིན།
དེར་སླེབས་སྐབས་མི་དངོས་གནས་དེ་ད་ལྟའང་འདར་གསིག་རྒྱག་བཞིན།
རང་གི་གཟུགས་པོ་ལ་ལག་པ་གཉིས་ཀྱིས་འཐམས་ནས་རྐང་པ་ཀྱོག་ཅིང་ཡར་མར་འགྲོ་བཞིན་ང་བསྒུགས་ཏེ་བསྡད་འདུག་ཁོ་ནི་གྲང་ངར་གྱིས་མནར་བ་མ་ཟད།
མིག་གི་ལྟ་སྟངས་ལ་གཞིགས་ན།
བཀྲེས་པས་གདུང་སྟེ་གལ་ཏེ་ངའི་ལག་པར་ཡོད་པའི་རས་ཐུམ་གཞན་དེ་ཁོས་མཐོང་མེད་ན།
ངས་སྤྲད་པའི་སག་རྡར་དེ་ཡང་ཟ་གྲབས་བྱེད་རྒྱུར་ཐེ་ཚོམ་མི་འདུག་ཁོས་བུ།
ཤེལ་དམ་ནང་དུ་ག་རེ་ཡོད་དམ།
ཅེས་དྲིས་བྱུང་།
ངས་འདིའི་ནང་དུ་ཨ་རག་ཡོད།
བརྗོད་པ་ཡིན།
མི་དེས་བྱེད་སྟངས་ཡ་མཚན་ཞིག་གི་སྒོ་ནས་ཁ་ལག་དེ་ཁོ་རང་གི་མིད་པར་རྫོང་གི་འདུག་དེ་ནི་ཁ་ལག་ཟ་གི་ཡོད་པ་འདྲ་པོ་མེད་པར་བྲེལ་བ་ཆེན་པོའི་ངང་ནས་ཅ་ལག་ཅིག་སྒྱེ་མོའི་ནང་དུ་ལྡུག་གི་ཡོད་པ་འདྲ་པོ་འདུག་ཡིན་ནའང་ཁོས་བར་བར་ལ་ཨ་རག་ཀྱང་འཐུང་གིན་འཐུང་གིན་བྱེད་ཀྱི་འདུག་དུས་ཡུན་དེའི་རིང་ལ་ཁོས་སྨུག་པའི་ཁྲོད་དུ་བལྟས་བལྟས་ལ་སྡོད་པ་དང་།
ཡང་ཡང་སྒྲ་ལ་མཉན་པ་སོགས་བྱེད་བཞིན་དུ་གློ་བུར་ཞིག་ལ་ང་ལ་ཁྱོད་རང་གི་མཉམ་དུ་གཞན་སུ་འཁྲིད་མེད་དམ།
ཡང་ན་ཁྱོད་ཀྱི་རྗེས་སུ་མི་དེ་འདྲ་ཡོང་གི་མེད་དམ།
ཞེས་དྲིས་བྱུང་།
ངས་སྐུ་ཞབས་ལགས།
ལགས་མེད།
ཞུས་པ་ཡིན།
ཨོ་ཡ།
ཁྱོད་ལ་ཡིད་ཆེས་ཡོད།
གལ་ཏེ་ང་ནང་བཞིན་ཤི་ལ་ཉེ་བའི་བར་རྗེས་འདེད་བྱས་པའི་ནག་ཅན་གྱི་བཙོན་པ་སྐྱོ་བོ་ཞིག་འཛིན་བཟུང་བྱེད་རྒྱུར་རམ་འདེགས་བྱས་ན།
ཁྱོད་ཐ་ཤལ་གྱི་གཞོན་པ་ཞིག་དང་མཚུངས་པ་རེད།
ཅེས་བཤད་བྱུང་།
ཁོའི་སྡུག་བསྔལ་དེར་སྙིང་རྗེ་བསྐྱེད་པ་དང་སྦྲགས་ངས་ཁོ་ལ་ལྷོད་ལྷོད་བྱས་ཏེ་བི་སི་ཀུ་ཊྲི་བག་ལེབ་མངར་མོ་བཟའ་བར་བལྟས་ནས་བསྡད་དེ།
ཁྱེད་རང་བག་ལེབ་དེ་ལ་མཉེས་པོ་བྱུང་བ་འདྲ།
ང་དགའ་པོ་བྱུང་།
ཞུས་པར།
བུ།
ཐུགས་རྗེ་ཆེ།
ཞིམ་པོ་ཞེ་དྲགས་བྱུང་།
བརྗོད་བྱུང་།
ངས་ནམ་རྒྱུན་ང་ཚོའི་ཁྱི་ཆེན་པོ་དེས་ཁ་ལག་བཟའ་བ་མཐོང་མྱོང་སྟབས།
ད་རེས་མི་དེའི་བཟའ་སྟངས་དང་ཁྱིའི་བཟའ་སྟངས་གཉིས་དངོས་གནས་འདྲ་པོ་ཞེ་དྲགས་མཐོང་བྱུང་།
ཁོས་བི་སི་ཀུ་ཊྲི་དེ་གཞན་གྱིས་འཕྲོག་པར་ཡོང་གི་ཡོད་པ་ནང་བཞིན་གཡས་གཡོན་དུ་ལྟ་གིན་ལྟ་གིན་དངངས་སྐྲག་གི་ངང་ནས་ཁམ་བུ་རེ་བཅད་དེ་ཁྱི་ལྟར་དུ་ཟ་གི་འདུག་ངས་གང་མཚམ་ཞིག་ནས་ཁྱོད་རང་གི་བཟའ་སྟངས་ལ་བལྟས་ན་ཁོང་ལ་བི་སི་ཀུ་ཊྲི་ལྷག་ས་མ་རེད།
ཅེས་བརྗོད་པ་ཡིན།
གྲོགས་པོས་ངའི་གདོང་ལ་ཅེ་རེར་ལྟ་བཞིན་དུ།
ཞེས་དྲིས་བྱུང་།
ངས་ཁ་སང་ང་ལ་བཤད་པའི་ཁྱེད་རང་དང་མཉམ་དུ་གབ་སྡོད་མཁན་གྱི་མི་གཞོན་པ་དེ།
ཞེས་བཤད་པས།
ཁོང་གད་མོ་ཞིག་ཤོར་ཏེ།
ཨ་ལས་ཁོ།
ཁོ་ལ་ཁ་ལག་དགོས་པ་མ་རེད།
ཅེས་བརྗོད་པར།
ངས་ངའི་བསམ་པར་ཁོ་ལ་ཁ་ལག་དགོས་པ་འདྲ་པོ་འདུག་སྨྲས་པས།
མི་དེས་ཁ་ལག་བཟའ་མཚམས་བཞག་སྟེ་ང་ལ་ཧང་སངས་ནས།
འདྲ་པོ་ཨེ།
ག་དུས།
ཞེས་དྲིས་པར།
ངས་ད་ལྟ་ཞེས་ལབ་པས།
ཁོས་ག་པར་འདུག་ཅེས་དྲིས་པར།
ངས་མཛུབ་མོ་བཙུགས་ནས་ཕ་གིར་འདུག་ཁོ་ནི་གཉིད་ཀྱིས་བཟི་བ་ལྟ་བུར་འདུག་ཐོག་མར་ངས་ཁོ་ནི་ཁྱེད་རང་རེད་བསམས་བྱུང་བརྗོད་པ་ཡིན།
མི་དེས་ངའི་མལ་ལེ་ནས་འཇུས་ཏེ་རྔམ་འཇིགས་ཀྱི་མིག་གིས་བལྟས་བྱུང་།
ངའི་བསམ་པར་ཁོས་ངའི་སྐེ་གཅོད་རྒྱུའི་བསམ་བློ་བསྐྱར་དུ་འཁོར་བ་འདྲ་སྙམ་པ་བྱུང་།
ངས་ཁོ་ནི་རྐང་པར་ལྕགས་བརྒྱབ་ནས་དུག་ལོག་ཀྱང་ཁྱེད་རང་དང་འདྲ་པོ་གྱོན་འདུག་ཁ་སང་མཚན་གུང་ལ་ཁྱེད་ནས་མེ་མདའི་སྐད་གོ་མ་བྱུང་ངམ།
ཞེས་འགྲེལ་བཤད་བརྒྱབ་པར།